ཤིན་ཅང་ཡུ་གུར་མི་རིགས་ལ་དོགས་གཞི་བྱས་འདུག
རྒྱ་ནག་གི་ཉེན་རྟོག་ཚན་པས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་མོ་ཊ་འབར་གས་ཀྱི་དོན་རྐྱེན་དེ་ཡུ་གུར་བ་མི་གཉིས་ལ་དོགས་གཞིའི་ཉེས་བཙུགས་བྱས་འདུག
-
2013-10-29 -
-
-
རྒྱ་ནག་གི་ཉེན་རྟོག་ཚན་པས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་མོ་ཊ་འབར་གས་ཀྱི་དོན་རྐྱེན་དེ་ཡུ་གུར་བ་མི་གཉིས་ལ་དོགས་གཞིའི་ཉེས་བཙུགས་བྱས་འདུག
ཚེས་༢༨ཉིན་རྒྱ་ནག་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་བྱུང་བའི་དོན་རྐྱེན་དེ་ཐོན་པའི་སྐབས་རྒྱ་ནག་གཞུང་གི་གསར་ཤོག་དང་། བརྙན་འཕྲིན་ཐོག་ལ་མོ་ཊ་རྡུང་ཐུག་བྱུང་བའི་དོན་རྐྱེན་ཞིག་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་དང། སྐབས་དེར་གནས་ཚུལ་དབྱེ་ཞིབ་པས་དོན་རྐྱེན་དེ་ཡི་རྣམ་པར་བལྟས་ན་སྔོན་ཚུད་ནས་འཆར་གཞི་ལྡན་པའི་གཏོར་རྒོལ་གྱི་བྱ་སྤྱོད་ཅིག་ཡིན་པའི་ཚོད་དཔག་བྱས་པ་ལྟར་། ཚེས༢༩ཉིན་རྒྱ་ནག་གི་ཉེན་རྟོག་པས་མོ་ཊ་རྡུང་ཐུག་གི་དོན་རྐྱེན་ནང་འབྲེལ་བ་ཡོད་པའི་དོགས་གཞི་ཅན་གྱི་མི་གཉིས་པོ་དེ་ཤིན་ཅང་ནས་ཡིན་པ་དང་། དོན་རྐྱེན་བྱུང་ས་ནས་ཐོན་པའི་མོ་ཊ་བཞིའི་མོ་ཊའི་ཨང་རྟགས་ནི་ཤིན་ཅང་ནས་ཡིན་པ་བཤད་ཡོད་པ་མ་ཟད། པེ་ཅིང་གི་མགྲོན་ཁང་ཁག་ཅིག་ལ་དོགས་གཞི་ཡོད་པའི་མགྲོན་པོ་དང་མོ་ཊ་དེ་འདྲ་ཡོད་མེད་རྟོགས་ཞིབ་ནན་པོ་བྱ་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད། ཕ་རན་སི་གསར་འགྱུར་ལས་ཁང་གིས་པེ་ཅིང་གི་མགྲོན་ཁང་ཁག་ཅིག་ལ་གནས་ཚུལ་དེ་བདེན་པ་ཡིན་མིན་སྐད་ཆ་དྲིས་པའི་སྐབས་མགྲོན་ཁང་ཁག་ཅིག་གིས་ཁོང་ཚོར་ཉེན་རྟོག་པའི་བརྡ་ཐོ་འབྱོར་བའི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད། རེས་གཟའ་ཟླ་བའི་ཉིན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་མོ་ཊ་རྡུང་ཐུག་བྱུང་བའི་དོན་རྐྱེན་ནང་ཁྱོན་མི་ལྔ་རྐྱེན་འདས་སུ་ཕྱིན་པ་དང་། མི་སུམ་ཅུ་སོ་གྲངས་ལ་རྨས་སྐྱོན་ཕོག་ཡོད་པ་རེད།