ང་སྲིད་སྐྱོང་ལ་ལངས་སྟངས་ནི་ངོ་རྒོལ་གྱི་རྣམ་པའི་ཐོག་ནས་ཡིན།
འཆར་སྒོ་གཉིས་དང་ངོ་རྒོལ་གཉིས་ཀྱི་འཆར་གཞིའི་ཐོག་སྲིད་སྐྱོང་གི་འོས་མིར་ལངས་ཡིན་པ་ཨ་ཚོཊ་ཀླུ་མཁར་བྱམས་ཀྱིས་གསལ་བསྒྲཊ་གནང་འདུག
-
2015-08-03 -
-
-
འཆར་སྒོ་གཉིས་དང་ངོ་རྒོལ་གཉིས་ཀྱི་འཆར་གཞིའི་ཐོག་ང་སྲིད་སྐྱོང་གི་འོས་མིར་ལངས་ཡོད་ཅེས་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་གསལ་བསྒྲགས་བྱས་འདུག དེ་ཡང་ང་ཚོའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཞུགས་སྒར་ནས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།།
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་༢༠༡༦་ལོའི་སྲིད་སྐྱོང་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བ་དང་བསྟུན་བཙན་བྱོལ་སྤྱི་ཚོགས་ནང་སྲིད་སྐྱོང་ཀྱི་འོས་མིར་བཞེངས་མཁན་གྱི་མི་སྣ་རིམ་པ་ཐོན་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་༣ ཉིན་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་འཆར་སྒོ་གཉིས་དང་། ངོ་རྒོལ་གཉིས་ཀྱི་འཆར་གཞིའི་ཐོག་ང་སྲིད་སྐྱོང་ལངས་ཡོད་ཅེས་རྡ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་གསལ་བསྒྲགས་སྤེལ་སྐབས། ང་སྲིད་སྐྱོང་ལ་ལངས་སྟངས་ནི་ངོ་རྒོལ་གྱི་རྣམ་པའི་ཐོག་ནས་ལངས་ཡོད་མོད། དེ་ནི་ངོ་རྒོལ་ཁོ་ན་ཞིག་མ་ཡིན་པར་ང་དང་ང་ཚོར་བསྐྱར་བསྐྲུན་གྱི་འཆར་སྒོ་ཡོད་པས་ཡིན་གསུངས་ཡོད་པ་རེད།
ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་ཁོང་མ་འོངས་སྲིད་སྐྱོང་ལ་འདེམས་པ་ཡིན་པ་ཁོང་གིས་སྲིད་དོན་བསྐྱར་ཞིབ་ཀྱི་འཆར་སྒོ་དང་། གཞུང་སྲིད་བར་གནས་ཀྱི་འཆར་སྒོ། བྲན་གཡོག་གཤིས་ཀ་ལ་ངོ་རྒོལ། དད་པ་ལོག་སྤྱོད་ལ་ངོ་རྒོལ་བཅས་ཀྱི་ལས་འཆར་ཡོད་སྐོར་གསུངས་པ་དང་། དང་པོ་ཁོང་བོད་ལ་སྤོབས་པ་ཡོད། གཉིས་པ་ཁོང་བོད་ལ་སེམས་ཁྲལ་ཡོད། གསུམ་པ་ཁོང་མ་ལངས་རང་ལངས་ཆགས་ཡོད་བཅས་ཀྱི་ཐོག་གཏམ་བཤད་གནང་བ་མ་ཟད། ཁོང་སྲིད་སྐྱོང་ལ་ལངས་དགོས་པའི་དམིགས་ཡུལ་དང་ལས་འཆར་ཁག་གི་སྐོར་རིམ་པས་མི་མང་ནང་དངོས་སུ་གཏམ་བཤད་གནང་རྒྱུ་ཡིན་སྐོར་གསུངས་པ་དང་མཇུག་ཏུ་ཁོང་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་རེད།
གསར་འགོད་པས་སྲིད་སྐྱོང་ཐོབ་པ་ཡིན་ན་རྒྱ་ནག་ལ་བརྡ་ལན་དང་པོ་ག་རེ་སྤྲོད་རྒྱུ་ཡིན་ཚུལ་དྲིས་སྐབས། ཁོང་གིས། ང་རང་བཙན་འཐབ་རྩོད་པ་ཞིག་སྲིད་སྐྱོང་ལ་ཐོབ་པ་ཙམ་གྱིས་རྒྱ་ནག་གཞུང་ལ་ལན་འཕྲོད་པ་རེད་བསམ་གྱི་འདུག ཡིན་ཡང་ང་ཚོར་ལན་དེ་འཕྲོད་རྒྱུའི་བསྐལ་བ་བཟང་པོ་དེ་འདྲ་ཡོད་མེད་རྒྱ་ཆེའི་མི་མང་གི་སྙིང་སྟོབས་ལ་བལྟ་རྒྱུ་མ་ཟད། ངས་རྒྱ་ཆེའི་མི་མང་ལ་རེ་བ་ཡང་རྒྱག་གི་ཡིན། ང་སྲིད་སྐྱོང་ལ་ཐོབ་པའི་ཉིན་མ་དང་པོ་དེ། ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་སྲིད་སྐྱོང་ལ་ཕེབས་པ་ནས་བཟུང་སྟེ། རླངས་འཁོར་སྒང་ལ་གློག་དམར་པོ་འབར་བའི་གནས་སྟངས་ཤིག་ཡོད་སྟབས། ངས་རླངས་འཁོར་དེའི་ནང་སྡོད་ཀྱི་མིན་ལ་གློག་དམར་པོ་དེ་ཡང་མི་དགོས། ང་སྲིད་སྐྱོང་ལ་འཐོབ་པ་ཡིན་ན། ང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འོག་ལ་འཛུལ་རྒྱུ་དེ་ང་ངོ་ཚ་རེད། དེ་ངའི་ངོ་ཚ་མ་རེད་བོད་རྒྱལ་ཁབ་ཀྱི་ངོ་ཚ་ཡིན་སྟབས། ངའི་ལས་ཀ་དང་པོ་དེ་དབུས་བོད་མིའི་སྒྲིག་འཛུགས་དེ། ཡང་བསྐྱར་བཙན་བྱོལ་བོད་གཞུང་ལ་བསྒྱུར་རྒྱུའི་འབད་བརྩོན་བྱེད་ཀྱི་ཡིན། རྒྱ་དཀར་གཞུང་གི་གནོན་ཤུགས་ཡོད་ཀྱང་། གནོན་ཤུགས་དེ་ཆ་ཚང་འཁྱེར་གྱི་ཡིན། མཐའ་མཇུག་ང་ཀླུ་མཁར་བྱམས་སྲིད་སྐྱོང་གི་མིང་ཐོག་ནས་ངའི་མགོ་རྒྱ་གར་གྱི་ཁྲིམས་ཁང་ལ་བཞག་དགོས་འབྱུང་ཡང་བཞག་གི་ཡིན། བོད་མི་རིགས་ཀྱི་སེམས་ཤུགས་ལ་རྩེད་མོ་རྩེད་ཀྱི་མིན་ཅེས་བརྗོད་འདུག
ད་དུང་གསར་འགོད་ལྷན་ཚོགས་ཐོག་ཁོང་ལ་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་མི་བསོད་ནམས་སྟོབས་རྒྱལ་དང་། དགེ་ལེགས་གཉིས་ཀྱིས་ཁོང་ངོ་སྤྲོད་ཀྱི་ལོ་རྒྱུས་མདོར་བསྡུས་སྒྲོགས་སྦྱང་གནང་བའི་རྗེས་ཁོང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་“བྲོས་ན་འགྲོ་ས་མི་འདུག་”ཅེས་པའི་བརྙན་ཐུང་ཞིག་བཤམས་སྟོན་གནང་ཡོད་པ་རེད།
ད་ལྟའི་ཆར་མ་འོངས་ཕྱི་ལོ་༢༠༡༦་ལོའི་སྲིད་སྐྱོང་འོས་མིར་བཞེངས་རྒྱུར་དངོས་སུ་གསལ་བསྒྲགས་གནང་མཁན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་དང་། བོད་མིའི་ཚོང་འབྲེལ་མཐུན་ཚོགས་ཀྱི་འགན་འཛིན་བཀྲིས་དབང་འདུས་ལགས། དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་ཨ་ཚོགས་ཀླུ་མཁར་བྱམས་ལགས་བཅས་འོས་མི་གསུམ་ཡོད་པ་དང་། ད་ལྟའི་ལས་ཐོག་སྲིད་སྐྱོང་མཆོག་གིས་མ་འོངས་སྲིད་སྐྱོང་གི་འོས་མི་ལ་བཞེངས་རྒྱུའི་གསལ་བསྒྲགས་སོགས་ད་བར་གནང་མེད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།