ཨ་རི་དང་ཁེ་ན་ཌའི་ནང་༸རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་བ།
ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་རྣམས་ནས་ཆོས་རིག་ལས་ཁུངས་ཀྱི་བཀའ་དགོངས་ལྟར། ༸རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་སོང་།
-
2018-02-04 -
-
-
Your browser doesn’t support HTML5 audio
༄༅༎དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་གསལ་བསྒྲགས་ཕེབས་པ་ཞིག་གི་ནང་།ཉེ་དུས་གཞུང་བསྟེན་གཉེན་ཆེན་ཐང་ལྷའི་ཐོབ་ཕེབས་སྐབས། ༸རྒྱལ་བའི་སྐུ་ཕྱྭ་ལ་དམིགས་པའི་ཛ་དྲག་ཞབས་རིམ་ཁག་གཅིག་སྨིན་སྒྲུབ་ཞུ་དགོས་པའི་བཀའ་ལུང་ཕེབས་སྐོར་གསུངས་པ་ལྟར། ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ཁ་སང་རེས་གཟའ་པ་སངས་ཚེས་༢ཉིན་གྱི་ཕྱི་དྲོ་འབྲི་གུང་ཆོས་ཀྱི་ཉི་མའི་ཆོས་ཚོགས་སུ་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་ཡོད་པ་རེད། གཞུང་བསྟེན་གཉེན་ཆེན་ཐང་ལྷའི་བཀའ་ལུང་ལྟར། སྐབས་དེར་ཚོགས་ཕེབས་མི་མང་ནས་ཐུབ་པའི་གཟུངས་སྔགས་དང་། སྨན་བླའི་གཟུངས་སྔགས། དེ་བཞིན་དམ་ཚིག་རྡོ་རྗེའི་གཟུངས་སྔགས་བཅས་གཙོ་བོ་གྲངས་གསོག་གནང་ཡོད་པ་རེད།
ཆོས་རིག་ལས་ཁུངས་ནས་སྤེལ་བའི་ཛ་དྲག་གི་གསལ་བསྒྲགས་དེའི་ནང་ད་དུང་། བོད་མི་ཡོངས་ཀྱིས་གྲངས་གསོག་གནང་བའི་སྐུ་ཕྱྭའི་ཞབས་རིམ་གྱི་གྲུབ་ཐོ་ཟླ་བ་འདིའི་ཚེས་༢༨ནང་ཚུད་གནང་སྐྱོང་ཡོང་བའི་གཞེན་སྐུལ་གནང་ཡོད་པ་རེད། དེ་བཞིན་ཨ་མེ་རི་ཀའི་གྲོང་ཁྱེར་ནིའུ་ཡོག་དང་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོའི་ནང་དུ་ཡང་༸ རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་ཡོད་པའི་སྐོར་འདི་གའི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་དང་ཨོ་རྒྱན་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎
གསར་འགོད་པ་པ་སངས་དོན་ལྡན།