སྲིད་སྐྱོང་མཆོག་རྒྱ་གར་བྱང་ཤར་ཕྱོཊ་སུ་ཐེངས་དང་པོར་ཕེབས་པ།

སྲིད་སྐྱོང་མཆོག་རྒྱ་གར་བྱང་ཤར་ཕྱོགས་སུ་ཕེབས་པར་ཨ་རུ་ན་ཅལ་མངའ་སྡེ་གཞུང་གིས་ཕེབས་བསུ་གཟབ་རྒྱས་ཞུས་གནང་འདུག

སྲིད་སྐྱོང་མཆོག་རྒྱ་གར་བྱང་ཤར་ཕྱོགས་སུ་ཕེབས་པ པར། བོད་མིའི་སྒྲིག་འཛུགས།

སྲིད་སྐྱོང་མཆོག་རྒྱ་གར་བྱང་ཤར་ཕྱོགས་སུ་ཕེབས་པར་ཨ་རུ་ན་ཅལ་མངའ་སྡེ་གཞུང་གིས་ཕེབས་བསུ་གཟབ་རྒྱས་ཞུས་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ཚེས་༢༥ཉིན། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་གཞུང་གིས་མགྲོན་འབོད་གནང་བ་ལྟར་ཆེད་ཕེབས་ཀྱིས་ཁུལ་དེའི་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་ཐེངས་དང་པོ་གནང་སྐབས། མངའ་སྡེའི་ཡུལ་སྐོར་དང་གྲོང་གསེབ་ཡར་རྒྱས་ལས་དོན་གྱི་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་རེད།
ཐོག་མར་སྲིད་སྐྱོང་མཆོག་རྒོ་ཝ་ཧ་ཊི་ Guwahati ནས་ཐད་འཕུར་གནམ་གྲུ་བརྒྱུད་
མོན་རྟ་དབང་དུ་ཕེབས་འབྱོར་སྐབས་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། རྫོང་གི་གནད་ཡོད་མི་སྣ་དེ་བཞིན་བོད་རིགས་དང་ས་གནས་ཡུལ་མི་རྣམས་ཀྱིས་དཀར་གཙང་མཇལ་དར་བསྒྲོན་ཏེ་ཕེབས་བསུ་ཞུས་འདུག སྲིད་སྐྱོང་མཆོག་གིས་ཁུལ་དེར་ལས་རིམ་དབུ་འཛུགས་མ་གནང་གོང་ཐོག་མར་འཇམ་དབྱངས་ཆོས་འཁོར་གླིང་དང་། ༧རྒྱལ་དབང་སྐུ་ཕྲེང་དྲུག་པའི་དགོན་པ་ཨོ་རྒྱན་གླིང་། རྟ་དབང་དགོན་པ་བཅས་སུ་མཆོད་མཇལ་གྲུབ་མཚམས་རྟ་དབང་ཁུལ་དུ་གནས་སྡོད་བོད་རིགས་དང་། མོན་པར་ཐུག་འཕྲད་གནང་ཡོད་པ་རེད། རྟ་དབང་ཁུལ་དུ་གནས་སྡོད་བོད་རིགས་༡༥༠ཙམ་ལ་བཀའ་ཤག་སྐབས་༡༤པའི་ངོས་ནས་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུའི་ལས་དོན་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་དང་། སློབ་ཕྲུག་ཚོས་སློབ་སྦྱོང་ལ་ཧུར་བརྩོན་གནང་དགོས་པའི་སྐོར་གསུངས་པ་དེ་བཞིན་ཕ་མ་རྣམས་ཀྱིས་ཕྲུ་གུའི་སློབ་སྦྱོང་ཐོག་ཤུགས་རྒྱག་དགོས་པའི་འབོད་སྐུལ་ཡང་གནང་འདུག    བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས་གསོལ་སྟོན་དང་རིག་གཞུང་འཁྲབ་སྟོན་གོ་སྒྲིག་གནང་བ་སོགས་སྣེ་ལེན་གནང་བར་སྲིད་སྐྱོང་མཆོག་གིས་ཨ་རུ་ན་ཅལ་མངའ་སྡེ་གཞུང་དང་བློན་ཆེན་མཆོག་ལ་ཐུགས་རྗེ་ཆེ་གསུང་པ་དང་། ཕན་ཚུན་དྲན་རྟེན་གྱི་ཕྱག་རྟགས་ཕུལ་རེས་གནང་ཡོད་པ་རེད།
གསར་འགོད་པ་ཚེ་བརྟན་རྡོ་རྗེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org