འཇར་མན་དང་ཉི་ཧོང་གཉིས་དམག་འཁྲུག་གིས་ཚབས་ཆེན་མནར་མྱོང་པས། འཛམ་གླིང་ཞི་བདེ་བསྐྲུན་པའི་ནུས་པ་ཆེན་པོ་ཡོད། ༧གོང་ས་མཆོག་གིས།
འཇར་མན་དང་ཉི་ཧོང་གཉིས་དམག་འཁྲུག་གིས་ཚབས་ཆེན་མནར་ཏེ། འཛམ་གླིང་ཞི་བདེ་མིང་དོན་མཚུངས་པ་ཞིག་ཡོང་བར་འདུན་པ་ཆེན་པོ་ཡོད་པས། རྒྱལ་ཁབ་དེ་གཉིས་ཀ་ལ་འཛམ་གླིང་ཞི་བདེ་བསྐྲུན་པའི་ནུས་པ་ཆེན་པོ་ཡོད་ཅེས་བཀའ་གནང་གི་འདུག
- 2021-08-25
-
-
-
Your browser doesn’t support HTML5 audio
འཇར་མན་གྱི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་Tibet Initiative Deutschlandཟེར་བ་ནས་གོ་སྒྲིག་གནང་སྟེ། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་༨པའི་ཚེས་༢༥ཉིན་༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད། བོད་ཀྱི་རིག་གཞུང་གིས་འཛམ་གླིང་ཞི་བདེ་ཡོང་བར་ཞབས་འདེགས་ཀྱི་བརྗོད་གཞིའི་ཐོགའཇར་མན་དང་སིད་ཛིར་ལཎ་ཊི། ཨོ་སི་ཁྲི་རེ་ཡ་བཅས་ཀྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོར་བཀའ་སློབ་གནང་སྐབས། ༧ཁོང་ཉིད་ཆུང་བྱིས་པའི་དུས་ནས་འཇར་མན་དང་ཧ་ཅང་སེམས་ཐག་ཉེ་བོ་ཡོད་པའི་རྒྱུ་མཚན་གཅིག་ནི།འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་བཅས་ཀྱི་སྐབས། རྒྱལ་ཁབ་མང་པོ་མཉམ་རུབ་ཀྱི་ཐོག་ནས་འཇར་མན་ལ་ཕར་རྒོལ་བྱས་ཡོད་པས། ངོས་ལ་ཚོར་བ་དམིགས་བསལ་ཅིག་ཡོད་ཁར། བོད་ནང་ཕི་ཁྲར་ཨབ་ཤི་ནཱ་ཏར་དང་ཧན་རིག་ཧ་རར་གཉིས་ལ་འཇར་མན་པ་ཞེས་འབོད་ཀྱི་ཡོད་པ་དང་། སྐུ་ཞབས་ཧན་རིག་ཧ་རར་ནས་ངོས་ལ་དབྱིན་ཇིའི་སྐད་ཡིག་བསླབ་གནང་ཡོད་པ་སོགས་གསུངས་བ་དང་འབྲེལ། འཇར་མན་དང་ཉི་ཧོང་གཉིས་དམག་འཁྲུག་གིས་ཚབས་ཆེན་མནར་ཏེ། འཛམ་གླིང་ཞི་བདེ་མིང་དོན་མཚུངས་པ་ཞིག་ཡོང་བར་འདུན་པ་ཆེན་པོ་ཡོད་པས། རྒྱལ་ཁབ་དེ་གཉིས་ཀ་ལ་འཛམ་གླིང་ཞི་བདེ་བསྐྲུན་པའི་ནུས་པ་ཆེན་པོ་ཡོད་ཅེས་བཀའ་གནང་གི་འདུག
འཇར་མན་དང་ཉི་ཧོང་རྒྱལ་ཁབ་གཉིས་ཀྱི་ནང་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ། གཞི་ནས་ཞི་བདེའི་ལས་དོན་ངོ་མ་དེ་མགོ་འཛུགས་གནང་ཡོད་པ་དང་། དམིགས་བསལ་ཉི་ཧོང་པ་རྣམས་ལ་རྡུལ་ཕྲན་མཚོན་ཆས་གནོད་འཚེ་ཚབས་ཆེན་ཕོག་ཡོད་པས། རྒྱལ་ཁབ་དེ་གཉིས་རང་བཞིན་གྱིས་དམག་འཁྲུག་གིས་ཚབས་ཆེན་མནར་མྱོང་བར་བརྟེན། ཁོང་ཚོས་སེམས་གཏིང་ནས་འཛམ་གླིང་ཞི་བདེ་མིང་དོན་མཚུངས་པ་ཞིག་ཡོང་རྒྱུར་འདུན་པ་ཆེན་པོ་ཡོད་པ་དང་མཚུངས། རྒྱལ་ཁབ་དེ་གཉིས་ཀ་ལ་འཛམ་གླིང་འདི་ཞི་བདེ་ལྡན་པ་ཞིག་ཡོང་རྒྱུར། ཞབས་འདེགས་སྒྲུབ་པའི་ནུས་པ་ཆེན་པོ་ཡོད་པ་རེད་ཅེས་བཀའ་གནང་གི་འདུག་ཅིང་། ཡང་༧གོང་ས་མཆོག་གིས་བོད་ཀྱི་རིག་གཞུང་གིས་འཛམ་གླིང་ཞི་བདེ་ལ་ཕན་ཐོགས་ཞབས་འདེགས་སྒྲུབ་ཐུབ་པའི་སྐོར་བཀའ་གནང་དོན།
ད་ཆ་ཚན་རིག་པ་གང་མང་མང་ལ་སོ་སོའི་ཆེད་ལས་དེ་ཚན་རིག་པ་ཡིན་ནའང་། སེམས་གཏིང་ནས་ནང་པའི་ཚད་མ་རིག་པའི་རིགས་ལམ་ལ་ཡི་རང་ཆེན་པོ་ཡོང་གི་ཡོད་ལ། ངོས་ནས་ནམ་ཡང་ནང་ཆོས་སྤེལ་རྒྱུའི་ཐབས་ལམ་བསྟེན་གྱི་མེད་པར།སྟབས་བདེ་བོའི་ལམ་ནས་ནང་སེམས་ཀྱི་ཞི་བདེ་བརྒྱུད་འཛམ་གླིང་ཞི་བདེ་ཡོང་བར། ཞབས་འདེགས་སྒྲུབ་ཐབས་གང་ཡོང་ཅི་ཡོང་བྱེད་ཀྱི་ཡོད་པ་དང་། གནད་དོན་དེར་ནང་པའི་ཆོས་དང་དད་པ་ལ་བརྟེན་མི་དགོས་པར་ནང་སེམས་ཀྱི་ཞི་བདེ་བསྐྲུན་པར། བོད་ཀྱི་རིག་གཞུང་གིས་ཞབས་འདེགས་ཆེན་པོ་སྒྲུབ་ཐུབ་པའི་ནུས་པ་ཡོད་ཅེས་བཀའ་གནང་ཡོད་ཅིང་། འཇར་མན་གྱི་གྲོས་ཚོགས་འཐུས་མི་Michael brandལགས་ནས་རྒྱ་ནག་གིས་རྒྱ་བསྐྱེད་རིང་ལུགས་ཤུགས་ཆེ་སྤེལ་བཞིན་པའི་སྐབས་འདིར། རྒྱ་ནག་དང་མཉམ་དུ་ཆབ་སྲིད་ཀྱི་འབྲེལ་བ་འཛིན་སྟངས་ཐད་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་ཕུགས་སུ་རྒྱ་ནག་སོ་སོའི་ཁྱིམ་མཚེས་ཁག་དང་མཉམ་དུ་གནས་དགོས་པས།གནས་སྟངས་ལ་འགྱུར་བ་འགྲོ་བཞིན་པ་བཀའ་གནང་གི་འདུག
སྐབས་རེར་རྒྱ་ནག་གཞུང་ཆབ་སྲིད་ཀྱི་ཆ་ནས་ཅུང་ཟད་ཆབ་སྲིད་ཁེ་ཕན་གྱི་ཕུགས་ཐག་ཐུང་ཐུང་རེད། ཡིན་ནའང་ཕུགས་སུ་རྒྱ་ནག་དེ་ཡང་སོ་སོའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་ཉི་ཧོང་། ཀོ་རི་ཡ་དང་འབར་མ་སོགས་མཉམ་དུ་གནས་དགོས་ཀྱི་ཡོད་པས། ད་ལྟ་གནས་སྟངས་ལ་འགྱུར་བ་འགྲོ་བཞིན་པ་རེད། དེང་སང་མིའི་བསམ་བློ་གཏོང་སྟངས་སྔོན་ཆད་ལས་གུ་ཡངས་པོ་དང་དངོས་ཡོད་དང་མཐུན་པ་ཡོད་ཅིང་། སྔ་མོ་ངའི་སྤྱི་ཚོགས་དང་ངའི་རྒྱལ་ཁབ་ཟེར་བ་དེ་ཤུགས་ཆེན་པོ་རེད་དེ། དེང་སང་རྒྱལ་སྤྱིའི་གནས་རིམ་གྱི་ཐོག་ནས་བསམ་བློ་གཏོང་གི་ཡོད་སྟབས།གནས་སྟངས་འགྱུར་བ་འགྲོ་བཞིན་པ་རེད་ཅེས་བཀའ་གནང་གི་འདུག་ཅིང་།
འཇར་མན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་Tibet Initiative Deutschland ནི་སྤྱི་ལོ་༡༩༨༩ལོར་འཇར་མན་གྱི་རྒྱལ་ས་སྦིར་ལིན་དུ་བཙུགས་པ་ཞིག་དང་། ཚོགས་པ་དེའི་ངོས་ནས་བོད་ནང་གི་ཆབ་སྲིད་གནས་སྟངས་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་སྐོར། ཆབ་སྲིད་བཙོན་པ་དང་རྒྱལ་སྤྱིའི་བོད་ཀྱི་སྲིད་བྱུས་སྐོར། རྒྱ་ནག་གཞུང་གིས་བོད་ཀྱི་ཐོན་ཁུངས་བཤུ་གཞོག་དང་འབྲོག་པ་གནས་སྤོས་ཀྱི་སྐོར་བཅས་ཁྱབ་སྤེལ་གནང་གི་ཡོད་ཅིང་། ཚོགས་པ་དེ་ལ་ཚོགས་མི་དང་བླངས་བ་ཉིས་སྟོང་བརྒལ་བ་དང་། འཇར་མན་གྱི་སྐད་ཡིག་སྤྱོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཤིག་ཡིན་པ་མ་ཟད།རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་དྲ་བའི་ཚོགས་འཐུས་གལ་ཆེན་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད།