༧གོང་ས་མཆོག་ནས་ལ་དྭགས་བསོད་ནམས་གླིང་བོད་མིར་བཀའ་སློབ་སྩལ་བ།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་དམར་པོའི་གཞུང་གིས་ལོ་ངོ་ ༧༠ རིང་ལ་བོད་རྩ་མེད་གཏོང་ཐབས་ག་ཚད་བྱས་ཀྱང་ཕམ་ཉེས་བཏང་ཐུབ་པ་བྱུང་མེད་ཅེས་བཀའ་གནང་འདུག
-
2018-08-02 -
-
-
Your browser doesn’t support HTML5 audio
༄༅།།བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་བསོད་ནམས་གླིང་བོད་མི་རྒན་བྱིས་དར་གསུམ་དང་ལྷག་པར་ལ་དྭགས་བོད་ཁྱིམ་གྱི་སློབ་མ་ཚོར་ཕྱི་ཟླ་ ༨ ཚེས་ ༡ ཉིན་བླང་དོར་གྱི་བཀའ་སློབ་བཀྲིན་བསྩལ་གནང་བའི་སྐབས། བོད་ནང་གི་བོད་མིའི་སྙིང་སྟོབས་ཞུམ་པ་མེད་པ་དེར་བསྔགས་བརྗོད་གནང་བ་དང་སྦྲགས། རྒྱ་ནག་དམར་པོའི་རིང་ལུགས་ཀྱིས་བགྲང་བྱ་ ༧༠ རིང་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་མ་ཐུབ་པར་ད་དུང་དེ་ལས་ལྡོག་སྟེ། འཛམ་གླིང་ཀུན་དུ་མཚན་རིག་པས་དབུས་པའི་མངོན་ཐོན་མི་སྣ་དང་རྒྱ་མིའི་མཁས་དབང་ཚོས་དགའ་མོས་བྱེད་པའི་གཞིར་གྱུར་ནས། ལྡོག་ཕྱོགས་ཀྱི་གྲུབ་འབྲས་ཤིག་ཐོན་བཞིན་པའི་སྐོར་བཀའ་གནང་འདུག
མགོན་པོ་གང་ཉིད་ཀྱིས་ད་དུང་སློབ་མ་རྣམས་ལ་དམིགས་ནས་བོད་ཀྱི་ནང་ཆོས་ཁྱད་པར་བ་ཞིག་ཡོད་པ་དེ། སྔར་ཆོས་རྒྱལ་སྲོང་བཙན་དང་ཁྲི་སྲོང་སྐབས་ནས་དར་སྤེལ་གནང་བ་དང་དཔལ་ན་ལཎྜའི་ཞལ་གཞུང་གྲིབ་མ་མེད་པར་བདག་གཅེས་ཐོག་བོད་མཁས་པའི་འགྲེལ་པ་མང་དག་མཛད་པ་སོགས་བཀའ་གནང་ཞིང་། དེ་མིན་རིག་པའི་སྒྲུབ་ཐབས་དེ་དག་ཀྱང་ན་ལཎྜའི་སྲོལ་རྒྱུན་ནང་དུ་ཡོད་མེད་ལ་བརྟག་དཔྱད་བྱེད་དགོས་པ་མདོར་ན། བོད་ཀྱི་མེས་པོ་ཚོས་སྐུ་ལས་གནང་སྟེ་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་བོད་ཀྱི་སྐད་ཡིག་ནང་དུ་ཉར་ཚགས་ཐུབ་པ་ནི་མེས་པོའི་ཕྱག་རྗེས་ཡིན་པ་ངོ་སྤྲོད་གནང་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་། བོད་མིའི་འོས་འདེམས་བརྒྱུད་བསྐོས་པའི་འགོ་ཁྲིད་ཁག་ལ་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་བའི་དམངས་གཙོའི་འཕེལ་རིམ་དང་། སྔ་མོ་བོད་ནས་རྒྱ་གར་དུ་ཕེབས་མ་ཐག་པའི་སྐབས་སུ་གཞིས་ཆགས་དང་སློབ་གྲྭ་སོགས་ཟུར་འཛུགས་གནང་བའི་རྒྱུ་མཚན་ཁག་བཀའ་གནང་ཡོད་པ་རེད།།
གསར་འགོད་པ་བཀྲིས་དབང་ཕྱུག