མེ་མདའ་ལས་བདེན་པའི་ནུས་སྟོབས་ཤུགས་ཆེ་བ་གསུངས་འདུག

༧གོང་ས་མཆོག་གིས་མེ་མདའི་ནུས་སྟོབས་ལས་བདེན་པའི་ནུས་ཤུགས་ཕུགས་རྒྱང་རིང་པོའི་ནུས་པ་ཆེ་བ་གསུངས་འདུག

༧གོང་ས་མཆོག་གིས་ཁཱ་ལི་ཧྤོར་ནེ་ཡའི་ས་གནས་བོད་མི་ཚོར་བཀའ་སློབ་གནང་བཞིན་པ།་༢༠༡༤།༢།༢༣ པར། ཡོ་དབང་འདུས།

༧གོང་ས་མཆོག་གིས་མེ་མདའི་ནུས་སྟོབས་ལས་བདེན་པའི་ནུས་ཤུགས་ཕུགས་རྒྱང་རིང་པོའི་ནུས་པ་ཆེ་བ་གསུངས་འདུག
དེ་ཡང་རྒྱ་ནག་གི་སྐྱོན་བརྗོད་ལ་མ་བལྟོས་བར་ཨ་རིའི་སྲིད་འཛིན་ཨོ་བྷ་མས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྗེས། ༧གོང་ས་མཆོག་ཨ་མི་རི་ཀའི་ཁཱ་ལི་ཧྥོར་ནེ་ཡའི་གྲོང་ཁྱེར་སན་ཧྥེན་སེ་སི་ཀོ་རུ་ཆིབས་བསྒྱུར་གནང་ཡོད་པ་དང་། ས་གནས་དེར་༧གོང་ས་མཆོག་གིས་Berkeley གཙུག་ལག་ཆེན་པོའི་ནང་བདེ་སྐྱིད་བསྐྲུན་ཐབས་ཀྱི་གླེང་གཞིའི་ཐོག་གསུངས་བཤད་གནང་ཡོད་ཅིང་། གསུང་བཤད་མ་གནང་གོང་ས་གནས་དེའི་བོད་མིའི་སྤྱི་ཁང་གསར་བ་དབུ་འབྱེད་གནང་སྐབས། ༧གོང་ས་མཆོག་གིས། མཐར་གཏུགས་རྒྱ་ནག་གཞུང་གི་བཙན་དབང་སྲིད་ཇུས་ལས་རྒྱ་ནག་མི་དམངས་ཀྱི་བསམ་ཚུལ་གལ་ཆེ་བ་ཡོད་པ་དང་། བྱས་ཙང་ང་ཚོས་མི་མང་རིམ་པའི་ཐོག་འབྲེལ་བ་བྱེད་བཞིན་པ་ཡིན་ལ་རྒྱ་ནག་མི་དམངས་དང་ཤེས་ཡོན་ཅན་གྱི་ཁྲོད་ང་ཚོར་རྒྱབ་སྐྱོར་ཧ་ཅང་ཡག་པོ་ཡོང་གི་འདུག ད་ལྟ་རྒྱ་ནག་གཞུང་གི་ནང་མཁྲེགས་འཛིན་ཅན་གྱི་སྡེ་ཁག་གཅིག་དང་། ཡང་བསམ་བློ་གུ་ཡངས་བའི་སྡེ་ཚན་གཅིག་འདུག གང་ལྟར་ང་ཚོའི་ངོས་ནས་དོན་དངོས་ཐོག་ཕྱི་གསལ་ནང་གསལ་བྱེད་ཐུབ་པ་དང་བྱེད་བཞིན་པ་རེད། རྒྱ་ནག་གིས་ཕྱི་གསལ་ནང་གསལ་བྱེད་མི་ཐུབ་པ་དེ་རེད། ང་ཚོར་བདེན་པའི་སྟོབས་ཤུགས་ཡོད་པ་དང་། རྒྱ་གུང་ཁྲན་གཞུང་གི་མཁྲེགས་འཛིན་པ་ཚོ་ལ་མེ་མདའི་སྟོབས་ཤུགས་ཡོད་པ་རེད། འོན་ཀྱང་མེ་མདའི་སྟོབས་ཤུགས་ནི་འཕྲལ་སེལ་ཙམ་མ་གཏོགས་ཕུགས་རྒྱང་རིང་པོའི་ཆ་ནས་བདེན་པའི་སྟོབས་ཤུགས་ནུས་བ་ཆེ་བ་ཡོད་ཅེས་གསུངས་འདུག
ད་དུང་༧གོང་ས་མཆོག་གིས་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་བོད་མི་རྣམས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་གནས་བཞིན་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་མ་ཉམས་གོང་འཕེལ་དང་ཉམས་པ་གསོ་བཅོས་ཀྱི་ཐབས་ཤེས་ཡོད་པ་ཡང་བཀའ་གནང་འདུག ཕྱི་ཚེས་༢༤་ཉིན་ཁུལ་དེའི་Santra Claraགཙུག་ལག་སློབ་གྲ་ཆེན་པོའི་ནང་གསུངས་བཤད་གནང་ཡོད་པ་རེད།

ཐེངས་འདིར་༧གོང་ས་མཆོག་གི་ཕེབས་ཡུལ་དུ་ཤུགས་ལྡན་ལ་དད་འདུན་བྱེད་མཁན་ཕྱི་གླིང་བ་ཁག་གཅིག་གིས་༧གོང་ས་མཆོག་ལ་ངོ་རྒོལ་སྐད་འབོད་བྱས་བའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།

གསར་འགོད་པ་ཀརྨ་རྡོ་རྗེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org