དུས་འཁོར་དབང་ཆེན་ཐེངས་༣༣པ་མཇུག་སྒྲིལ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་དུས་འཁོར་དབང་ཆེན་ཐེངས་༣༣པ་ ལེགས་པར་གྲུབ་གནང་མཛད་ཡོད་པ།
-
2014-07-12 -
-
-
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་ལ་དྭགས་གླེ་གྲོང་ཁྱེར་གྱི་ཞི་བའི་ཚལ་དུ་ཉིན་རྒྱབ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སུམ་ཅུ་སོ་གསུམ་པ་ལེགས་པར་སྒྲུབ་གནང་མཛད་ཡོད་པ་དང་། སྔ་དྲོ་༧གོང་ས་མཆོག་དབུ་བཞུགས་ཐོག་སེམས་སྐྱེད་ཆོ་ག་དང་། ཉིིིན་རྒྱབ་དུས་འཁོར་དབང་ཆེན་གནང་། ཐེངས་འདིའི་དུས་འཁོར་དབང་ཆེན་ཞུ་མཁན་གྲས་སུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་དང། འབྲི་གུང་ཆེ་ཚང་རིན་པོ་ཆེ་ས་སྐྱ་གདུང་སྲས་རིན་པོ་ཆེ། ཤར་པ་ཆོས་རྗེ་རིན་པོ་ཆེ་སོགས་བོད་ཀྱི་ཆོས་རྒྱུད་ཁག་གི་བླ་སྤྲུལ་དགེ་བཤེས་མང་དག་ཕེབས་གནང་ཡོད་ཅིང་། སང་ཉིན་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་། ཆོས་ཞུ་བར་སྒྲོལ་དཀར་ཡིད་ཤེས་འཁོར་ལོའི་སྒོ་ནས་ཚེ་དབང་གནང་རྒྱུའི་མཛད་འཆར་ཡོད་པ་རེད། ཉིན་དགུང་༧གོང་ས་མཆོག་གི་བཀའ་དབང་སྔོན་དུ་དགའ་ལྡན་ཁྲི་པ་མཆོག་གིས་ནང་ཆོས་ངོ་སྤྲོད་གནང་སྟེ་ལ་དྭགས་པ་རྣམས་ཀྱིས་ནང་ཆོས་སློབ་གཉེར་བྱ་ཆེད་བོད་ཡིག་སྦྱོང་རྒྱུ་ཧ་ཅང་གལ་ཆེ་ཡིན་པར་གསུངས་པ་བཞིན་རྗེས་སུ་༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་གནང་སྐབས་ཡང་བོད་ཡིག་སློབ་སྦྱོང་བྱ་གལ་ཆེ་བའི་སྐོར་ནན་བསྐུལ་གནང་འདུག ༧གོང་ས་མཆོག་གིས་གདན་ས་གསུམ་གྱིས་གཙོས་ནང་པའི་ཆོས་སྡེ་ཁག་ནང་བསླབ་པ་སློབ་གཉེར་ལ་རྣམ་གཡེངས་མེད་པར་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གནང་སྟེ་བསྟན་པར་འཐུས་ཤོར་མི་འབྱུང་བ་བྱ་གལ་ཆེ་བའི་བཀའ་སློབ་སྩལ་འདུག
དེ་དང་ཕྱོགས་མཚུངས་ད་རེས་ལ་དྭགས་ཁུལ་དུ་ཕེབས་པའི་ཆོས་ཞུ་བའི་གྲངས་འབོར་ཆིག་འབུམ་བདུན་ཁྲི་ནས་བདུན་ཁྲི་ལྔ་སྟོང་སྐོར་ཡོད་པ་གྲ་སྒྲིག་ཚོགས་ཆུང་གིས་གསར་འགོད་པར་གསུངས་གནང་ཡོད་པ་དང་། གྲངས་འབོར་ངེས་གཏན་རྗེས་སུ་གཏན་འབེབས་ཡོང་ངེས་ཡིན་པར་གསུངས་གནང་འདུག།
དེ་དང་ཕྱོགས་མཚུངས་ད་རེས་ལ་དྭགས་ཁུལ་དུ་ཕེབས་པའི་ཆོས་ཞུ་བའི་གྲངས་འབོར་ཆིག་འབུམ་བདུན་ཁྲི་ནས་བདུན་ཁྲི་ལྔ་སྟོང་སྐོར་ཡོད་པ་གྲ་སྒྲིག་ཚོགས་ཆུང་གིས་གསར་འགོད་པར་གསུངས་གནང་ཡོད་པ་དང་། གྲངས་འབོར་ངེས་གཏན་རྗེས་སུ་གཏན་འབེབས་ཡོང་ངེས་ཡིན་པར་གསུངས་གནང་འདུག།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་འཁོར་དབང་ཆེན་ཐེངས་༣༣པ་ལེགས་པར་གྲུབ་གནང་མཛད་གནང་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་ཆེད་གཏོང་གསར་འགོད་པ་བློ་བྷེ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས༎
གསར་འགོད་པ་བློ་བྷེ།
༸གོང་ས་མཆོག་ནས་ཧི་མ་ལ་ཡའི་མི་རིགས་ཚོས་ནང་ཆོས་སློབ་གཉེར་བྱ་ཆེད་དུ་བོད་ཡིག་སྦྱང་རྒྱུ་ནི་ཧ་ཅང་གལ་ཆེ་ཞེས་བཀའ་སློབ་ཕེབས་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་ཆེད་གཏོང་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་གཤམ་ལ་གསན་རོགས།
གསར་འགོད་པ་བསྟན་འཛིན་དབང་རྒྱལ།
དུས་འཁོར་དབང་ཆེན་ཐེངས་༣༣པ་མཇུག་སྒྲིལ་དང་འབྲེལ་བའི་སྐོར་རིག་ལྡན་སྒྲོལ་མ་ལགས་ཀྱིས་འདི་གའི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་རྣམ་རྒྱལ་ལགས་སུ་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞུས་པར་གསན་རོགས༎
གསར་འགོད་པ་རིག་ལྡན་སྒྲོལ་མ།