༧གོང་ས་མཆོག་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དབར་མཇལ་མོལ།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ཀཡི་ལཱཤ་སཐ་ཡར་ཐི་ལྷན་རྒྱས་རྡ་སར་མཇལ་མོལ་གནང་པ།
-
2019-05-28 -
-
-
Your browser doesn’t support HTML5 audio
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ཀཡི་ལཱཤ་སཐ་ཡར་ཐི་ལྷན་རྒྱས་རྡ་སར་མཇལ་མོལ་གནང་པ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཕྱི་ལོ་ ༢༠༡༤ ལོའི་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་པ་པོ་རྒྱ་གར་བ་སྐུ་ཚབ་ཀཡི་ལཱཤ་སཐ་ཡར་ཐི་(Kailash Satyarthi)རྣམ་གཉིས་དབར་འཛམ་གླིང་ནང་ཞི་བདེ་སྤེལ་ཕྱོགས་ཐད་བཀའ་བསྡུར་གནང་ཆེད་སྐུ་ཞབས་སཐ་ཡར་ཐི་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས་ཕྱི་ཚེས་ ༢༧ དང་ ༢༨ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གནང་ཡོད་པ་རེད། གནས་ཚུལ་གོ་ཐོས་ལ་གཞིགས་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་ཞབས་ སཐ་ཡར་ཐི་རྣམ་གཉིས་ཀྱི་མཚན་ཐོག་ནས་ཕྱག་དེབ་གསར་པ་ཞིག་འབྲི་གནང་དབུ་འཛུགས་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༨ ཀྱི་མཇལ་མོལ་གྲུབ་རྗེས་སྐུ་ཞབས་ཀཡི་ལཱཤ་སཐ་ཡར་ཐི་ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་གཙོ་བོ་འཛམ་གླིང་འདིའི་ནང་རྒྱུན་རིང་གནས་པའི་དཀའ་ངལ་དང་། དེ་བཞིན་འབྱུང་བར་ངེས་པའི་དཀའ་ངལ་དེ་དག་ཡོངས་རྗོགས་ཞི་བདེའི་ཐོག་ནས་སེལ་ཐབས་དང་། བྱམས་སྙིང་རྗེ་གོང་འཕེལ་གཏོང་ཐབས་སྐོར་བཀའ་མོལ་གནང་ཡོད་པ་འགྲེལ་བརྗོད་གནང་ཞིང་། ད་དུང་ཁོང་གིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ངེད་གཉིས་ཀ་ཞི་བདེ་དང་བྱམས་སྙིང་རྗེ་ལ་ཡིད་ཆེས་ཡོད་མཁན་ཞིག་ཡིན་སྟབས། ད་རེས་ཙམ་མིན་པར་དེ་སྔོན་གྱི་མཇལ་འཕྲད་སྐབས་སུ་ཡང་གནད་དོན་འདི་དག་གི་ཐད་བཀའ་བསྡུར་བྱུང་ཡོད་པ་གསུངས་འདུག
ཐེངས་འདིར་བཞུག་སྒར་རྡ་རམ་ས་ལར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་ཞབས་ སཐ་ཡར་ཐི་ཡི་མཇལ་མོལ་སྐབས་ལྷན་བཅར་ཞུ་མཁན་ནང་པའི་ཚན་རིག་ལྟ་གྲུབ་ཐོག་ཞིབ་འཇུག་གནང་མཁན་སེར་བྱེས་མཁས་སྙན་གྲ་ཚང་གི་རྒན་སྦི་རི་བསོད་ནམས་དབང་ཕྱུག་ལགས་ཀྱིས། རྒྱ་གར་བ་རྣམས་ཀྱིས༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སློབ་ཕྲུག་ཚོའི་ཤེས་ཡོན་གྱི་ནང་བྱམས་པ་སྙིང་རྗེའི་བསླབ་གཞི་འཇུག་ཐབས་ཇི་དགེ་དགོངས་བསྐོར་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ཚོའི་བསམ་འཆར་ལ་ལེགས་སོ་སྩལ་གནང་ཐོག། རྒྱ་གར་རང་གི་གནའ་བོའི་རིག་གཞུང་དང་རིན་ཐང་དེ་སྤེལ་བའི་ལམ་ལུགས་ཡོད་སྟབས། དེང་དུས་རྒྱ་གར་བ་ཚོས་འདིའི་ཐད་ཤུགས་བརྒྱབ་པ་ཡིན་ན་འཛམ་གླིང་སྤྱིར་ཕན་ཐོགས་གྲུབ་ཐུབ་པ་ཞིག་འབྱུང་རྒྱུ་ཡིན་པ་བཀའ་གནང་པ་འགྲེལ་བརྗོད་གནང་ཡོད་པ་རེད།
སྐུ་ཞབས་(Kailash Satyarthi)མཆོག་ནི་རྒྱ་གར་ནང་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཐོག་ལས་འགུལ་ཤུགས་ཆེ་སྤེལ་མཁན་ཞིག་ཡིན་ཞིང་། ཁོང་གི་མཛད་རྗེས་ལ་ཕྱི་ལོ་༢༠༡༤ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་གནང་ཡོད་རེད། ཁོང་གིས་འདི་ཚེས་༢༧ནས་ཉིན་གསུམ་གྱི་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་མཛད་འཆར་ཐོག་འདི་ཚེས་༢༧་ཉིན་རྡ་སྟེང་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་དུ་ཕེབས་ཡོད་པ་རེད།